ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་གི་སྲིད་དབང་གཅིག་སྡུད་ཀྱི་དུས་རབས་གསར་པ།


སྤྱི་ཟླ་༤ པའི་ཚེས་༢༦ ཉིན་སྲིད་འཛིན་ཕུ་ཊིང་གིས་ཨུ་རུ་སུའི་གྲོས་ཚོགས་སུ་གཏམ་བཤད་སྤེལ་བཞིན་པ།
སྤྱི་ཟླ་༤ པའི་ཚེས་༢༦ ཉིན་སྲིད་འཛིན་ཕུ་ཊིང་གིས་ཨུ་རུ་སུའི་གྲོས་ཚོགས་སུ་གཏམ་བཤད་སྤེལ་བཞིན་པ།

༄༅། །དམག་འཁྲུག་གི་ནག་ཉེས་བསགས་ཡོད་ཐོག་རྒྱལ་སྤྱིའི་ཁྲིམས་ཁང་གིས་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་དང་། ངན་སྨྲས་ལོག་སྒྲུབ་བྱས་རྐྱེན་མིང་ངན་སྐད་ཀྱིས་ཆོད་ཡོད་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་གིས་ཨུ་རུ་སུ་ལ་དབང་བསྒྱུར་བྱས་ནས་མི་ལོ་༢༠ ལྷག་ཕྱིན་ཡོད་ཀྱང་། ད་དུང་དེས་ཀྱང་མ་ཚིམས་པར་བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ཉིན་ལ་རྩ་ཁྲིམས་སུ་མིང་རྟགས་བཀོད་དེ། སྲིད་འཛིན་གྱི་ལས་དུས་སྐབས་༥ པ་དེ་བཞིན་འགོ་འཛུགས་ཀྱིས་མ་འོངས་པར་མུ་མཐུད་ནས་དུས་ཡུན་ལོ་ངོ་༦ གི་རིང་ལ་སྲིད་དབང་འཛིན་རྒྱུ་ངེས་གཏན་ཡིན་ཞིང་། ཁོ་པ་ནི་ད་ཆ་འཛམ་གླིང་ཐོག་སྲིད་དབང་གཅིག་སྡུད་བྱེད་མཁན་གྱི་སྲིད་འཛིན་དམིགས་བསལ་ཅན་ཞིག་ཏུ་ཆགས་ཡོད་པ་རེད།

ཕུ་ཊིང་གི་ལས་དུས་གསར་པའི་ནང་མུ་མཐུད་ནས་སོ་སོའི་སྲིད་དབང་སྲ་བརྟན་གཏང་རྒྱུ་དང་ཡུག་ཀེ་རན་ལ་བཙན་འཛུལ་གྱི་དམག་འཁྲུག་རྒྱག་བཞིན་པ་དེར་སྐུལ་འདེད་གཏང་རྒྱུ་ཡིན་པ་སྨོས་མེད་ཐོག། གལ་སྲིད་ཁོ་པ་ལས་དུས་སྐབས་༥ པ་བསྡད་རྒྱུར་བར་ཆད་མ་བྱུང་ཚེ། ཕུ་ཊིང་ནི་དུས་རབས་༡༨ པའི་ནང་གི་ཨུ་རུ་སུའི་བཙན་པོའི་རྒྱལ་ཁམས་ཀྱི་རྒྱལ་རབས་བརྒྱད་པ་རྒྱལ་པོ་ཨེ་ཁཱ་ཐེབ་རི་ནཱ་གཉིས་པ་Екатерина II Алексеевна༡༧༢༩—༡༧༩༦ ནས་ད་བར་ཨུ་རུ་སུའི་ལོ་རྒྱུས་ཐོག་སྲིད་སྐྱོང་གི་ལས་དུས་རིང་ཤོས་ཀྱི་འགོ་ཁྲིད་དེ་ཆགས་རྒྱུ་རེད་འདུག།

ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཨུ་རུ་སུའི་སྲིད་འཛིན་འོས་བསྡུ་དེར་རང་དབང་དང་དྲང་བདེན། དམངས་གཙོའི་ཆ་རྐྱེན་སོགས་གང་ཡང་ཚང་མེད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང་། ལས་དུས་སྐབས་༥ པར་བསྡད་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པའི་ཨུ་རུ་སུའི་སྲིད་འཛིན་ལས་ཐོག་ཕུ་ཊིང་གིས་སོ་སོར་ཡིད་ཆེས་དང་གདེང་ཚོད་འདང་ངེས་ཀྱི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ལྷག་དོན་དུ་ནུབ་ཆིངས་སྒྲིག་འཛུགས་དང་ཁ་གཏད་འཇལ་རྒྱུའི་འདོད་ཧམ་ཇེ་ཆེ་ནས་ཇེ་ཆེར་ཡིན་པ་དང་། ཡུག་ཀེ་རན་གྱི་དམག་འཁྲུག་མཇུག་སྒྲིལ་འཇུག་རྒྱུའི་རྣམ་འགྱུར་སྤུ་ཙམ་ཡང་མངོན་མེད་པ་རེད།

གནས་ཚུལ་སྤེལ་དོན་ལྟར་ན། འོས་ཤོག་གྲངས་ས་ཡ་ལྔ་ཙམ་ཨུ་རུ་སུའི་བཙན་འོག་ཏུ་ཚུད་པའི་ཡུག་ཀེ་རན་གྱི་ས་ཁུལ་ཁག་ནས་ཡོང་ཡོད་ཅིང་། ཁུལ་དེར་གནས་འཁོད་མི་ཚོས་ཨུ་རུ་སུའི་དྲག་པོ་དམག་གི་ལྟ་སྐུལ་འུར་འདེད་འོག་ནས་འོས་ཤོག་བླུག་དགོས་འཁེལ་ཡོད་པ་དང་། བཙན་འོག་ཏུ་ཚུད་པའི་ཡུག་ཀེ་རན་གྱི་ཌོ་ནེ་སི་ཀིའི་ས་ཁུལ་དུ་ཕུ་ཊིང་ལ་འོས་ཤོག་བརྒྱ་ཆ་༩༥ ཐོབ་ཡོད་ཚུལ་ཕྱིར་བསྒྲགས་བྱས་འདུག།

སྤྱི་ལོ་༡༩༩༩ ལོའི་ཉིན་མཐའ་མ་དེར་ཁོ་པ་སྲིད་འཛིན་ལས་ཚབ་ཆགས་པ་ནས་བཟུང་། བརྒྱ་ཁ་གཅིག་གཅོད་ཀྱིས་ཨུ་རུ་སུ་རྒྱལ་ཁབ་དེ་ཉིད་ཅི་ཟེར་ངག་ཉན་གྱི་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་བཟོས་ཤིང་། ཁ་གཏད་ཀྱི་སྲིད་དོན་ཚོགས་དང་སྒྲིག་འཛུགས་ཅི་ཡོད་རྩ་མེད་བཏང་བ་ཙམ་མ་ཟད། བསམ་བློ་སྒེར་ཚུགས་ཅན་གྱི་གསར་འགོད་པ་རྣམས་ཕྱིིར་འབུད་བཏང་བ་དང་། མི་མང་རྣམས་ཚུལ་ལྡན་ལུགས་མཐུན་གྱི་རྒྱུན་སྲོལ་གྱི་རིན་ཐང་ལྟ་བ་ཞེས་པའི་ཕྱོགས་སུ་བསམ་བཞིན་ནན་ཁྲིད་ཀྱིས་སྤྱི་ཚོགས་ནང་གི་མི་མང་པོར་དཀའ་ངལ་སྤྲད་ཡོད་པ་རེད།

ཁོ་པ་སྒེར་ལ་ཤུགས་རྐྱེན་ཆེ་ཚུལ་དེའང་། ཡུག་ཀེ་རན་ལ་བཙན་འཛུལ་གྱི་དམག་འཁྲུག་ཐོག་མར་ལངས་དུས། མི་རྣམས་ཀྱིས་དམག་འཁྲུག་དེས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་ནན་མོ་གཅད་འཇུག་སྲིད་པ་དང་། ཨུ་རུ་སུས་དེ་དོན་བློས་གཏོང་ཆེན་པོ་ཞིག་བྱ་དགོས་པའི་ཚོད་དཔག་དང་བློ་དོགས་ཡོད་པ་དེ་ལྟ་ནའང་། ཨུ་རུ་སུའི་དཔོན་རིགས་གཞན་རྣམས་ཡོངས་རྫོགས་ཁོ་པའི་ཕྱོགས་སུ་ལངས་པ་ལས་ང་མིན་ཁོ་ཡིན་དང་ཁ་གཅིག་ལྕེ་གཉིས་ཀྱིས་དམག་འཁྲུག་ལངས་རྒྱུ་མེད་པའི་ཀ་ཀོར་རིགས་ཤོད་ཐུབ་མཁན་གཅིག་ཀྱང་བྱུང་ཐུབ་མེད་པ་རེད།

དེ་ལྟར་དབང་ཆ་ཚད་ལས་བརྒལ་བ་ཡོད་མཁན་གྱི་གང་ཟག་ཅིག་སྟེ། ཕུ་ཊིང་གིས་ལས་ཡུན་རྗེས་མ་དེའི་ནང་ལས་ཀ་ཅི་ཞིག་བརྩམ་རྒྱུ་ཡིན་མིན་ཐད་རྒྱལ་ཁབ་ཕྱི་ནང་ཚང་མར་བློ་འཚབ་ཡོང་གཞིའི་གནད་དོན་ཞིག་ཆགས་ཡོད་པ་དང་། ཁྱད་པར་དུ་ཡུག་ཀེ་རན་གྱི་དམག་འཁྲུག་ནི་བློ་འཚབ་སྐྱེ་གཞི་ཆེ་ཤོས་དེ་ཡིན་ཞིང་། ཨུ་རུ་སུས་ཡུག་ཀེ་རན་གྱི་དམག་ས་ནས་དམག་འཁྲུག་མུ་མཐུད་བཞིན་པར་མ་ཟད། འཐབ་ཇུས་ལ་འགྱུར་བ་གཏང་རྒྱུའི་རྟགས་མཚན་རྩ་བ་ནས་མངོན་གྱི་མེད་པ་རེད།

ཆེད་མཁས་ཚོས་ཕུ་ཊིང་གིས་སྔར་ཡོད་ཨུ་རུ་སུའི་མངའ་ཁོངས་སུ་དེང་རབས་ཅན་གྱི་མཉམ་འབྲེལ་རྒྱལ་ཁབ་ཅིག་འཛུགས་འདོད་ཡོད་པར། མཉམ་འབྲེལ་གྱི་དེའི་ཁོངས་སུ་སྔར་ཨུ་རུ་སུ་དམར་པོའི་དུས་སྐབས་སུ་སྒྲིག་ཁོངས་སུ་ཡོད་པའི་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་རྣམས་ཚུད་ཀྱི་ཡོད་ཅིང་། དེ་ལྟར་བྱུང་ཚེ་ཨུ་རུ་སུའི་ཁེ་ཕན་ལ་སྨན་པ་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཟིལ་ཤུགས་ལྡན་པ་ཞིག་ཡོང་འདོད་ཡོད་པ་རེད། དམིགས་ཡུལ་དེ་འགྲུབ་ཆེད་ཁོ་པས་རྒྱལ་སྤྱིའི་ཁྲིམས་ལ་སྣང་མེད་ཀྱིས་སྡུག་རྩུབ་ཆེ་བའི་དམག་འཁྲུགས་ལངས་རྒྱུ་ལའང་འཛེམ་ཟོན་ཏིལ་འབྲུ་ཙམ་ཡང་མེད་པ་རེད། ཅེས་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG