ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

རྒྱ་གར་གྱི་གཞུང་འཛིན་ཚོཊ་པས་བཀྲ་ཤིས་རྒྱལ་མཚན་འོས་མིར་བདམས།


ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།
ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།

༄༅།། སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པས་ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས། ཕྱི་ཟླ་༤་པའི་ཚེས་༢༣་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་མོར་ལ་དྭགས་ལ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་བརྗེ་པོ་བརྒྱབ། ཁོང་གི་ཚབ་ཏུ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་དང་བྷི་ཇཱེ་པི་ཚོགས་པའི་ལ་དྭགས་ཀྱི་ལན་ལག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་བཀྲ་ཤིས་རྒྱལ་མཚན་འདེམས་བསྐོ་བྱས པའི་གནས་ཚུལ་ཐོན་འདུག

ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།
ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།

རྒྱ་གར་གྱི་གཞུང་འཛིན་ཚོགས་པས་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱི་ཚབ་ཏུ་འོས་མི་གསར་པ་ཞིག་བསྐོ་བཞག་བྱས་དོན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་པར་བརྟེན། བྷི་ཇེ་པི་ཚོགས་པའི་ལ་དྭགས་ཀྱི་ཡན་ལག་ཚོགས་པའི་འགོ་ཁྲིད་ཁག་ཅིག་ལ་བློ་ཕམ་བྱུང་སྟེ་ཚོགས་པའི་མཐུན་སྒྲིལ་ལ་འགལ་བ་བྱུང་། ལ་དྭགས་ཀྱི་འགོ་ཁྲིད་ཁག་ཅིག་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཁོངས་ནས་དགོངས་པ་ཞུ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་སྐད་ཆ་ཞིག་ཀྱང་གྲགས། ལ་དྭགས་ཀྱི་བྷི་ཇེ་པི་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས་བཀྲ་ཤིས་རྒྱལ་མཚན་ནི་གཞུང་འཛིན་ཚོགས་པས་གསར་དུ་བསྐོས་པའི་སྲིད་དོན་པ་ཞིག་རེད། འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མ་ཞུགས་པར་རང་ངོས་ནས་གྲོས་ཚོགས་འཐུས་མིའི་འོས་བསྡུར་འགྲན་ཞུགས་བྱ་དགོས་ཞེས་སྐུལ་ལྕགས་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པས་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལ་གནད་དོན་དེའི་སྐོར་སྐད་ཆ་དྲིས་ཀྱང་དོ་བདག་གིས་ལན་འདེབས་མ་བྱུང་། ལ་དྭགས་ཀྱི་གླེ་དང་མཁར་དཀྱིལ་གཉིས་ཀྱི་འགོ་ཁྲིད་ཁག་ཅིག་གཞུང་འཛིན་བྷི་ཇེ་པི་ཚོགས་པའི་སྲིད་ཇུས་དང་འཛིན་སྐྱོང་ལ་བློ་ཁ་མ་ཚིམས ད་ལྟ་གཞུང་འཛིན་ཚོགས་པས་རང་གི་གྲོས་ཚོགས་འཐུས་མིའི་འོས་མི་བརྗེ་པོ་བརྒྱབ་ན་འོས་ཤོག་ཐོབ་དཀའ། རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་མཁར་དཀྱིལ་ཕྱོགས་སུ་འོས་ཤོག་མང་བ་ཐོབ་རྒྱུའི་རྟགས་མཚན་མངོན། གལ་སྲིད་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོགས་པ་གང་རུང་གི་ཁོངས་སུ་མ་ཞུགས་པར་རང་ངོས་ནས་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ཚེ། བྷི་ཇེ་པི་གཞུང་འཛིན་ཚོགས་པས་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་བཟུང་ཡོད་པ་རྒྱུན་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།

༢༠༡༤་ལོའི་འོས་བསྡུ་དང་༢༠༡༩་ལོའི་འོས་བསྡུ་བཅས་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་ཀྱི་སྐབས་སུ་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་དེ་བྷི་ཇེ་པི་གཞུང་འཛིན་ཚོགས་པར་ཐོབ། ༢༠༡༩་ལོར་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༣༧༠་པ་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་གྱི་མངའ་སྡེའི་ཐོབ་ཐང་མེད་བཏང་བར་མ་ཟད། ཇུམ་མུ་ཀསྨིར་དང་ལ་དྭགས་ཟུང་དབུས་ཐད་སྐྱོང་མངའ་ཁུལ་གཉིས་ལ་བསྒྱུར། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་སྐབས་དེར་ལྡི་ལི་གསར་པའི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་མོ་དྷིའི་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་སྐད་གྲགས་ཅན་ཞིག་བྱས་པ་གསར་ལམ་ཡོངས་སུ་ཁྱབ། ཡིན་ནའང་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་པའི་རྗེས་སུ་མངའ་སྡེའི་ཐོབ་ཐང་དགོས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཚོ་ཤོག་མངའ་སྡེ་ཁག་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་རྣམས་ལ་དྭགས་ལའང་སྤྲོད་དགོས་ཞེས་ལས་འགུལ་སྤེལ་རྒྱུ་མགོ་བརྩམས།།

ཕྱི་ཟླ་༤་པའི་ཚེས་༢༣་ཉིན་ཀསྨིར་ཆེན་པོ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷི་ཇེ་པི་གཞུང་འཛིན་ཚོགས་པས་འོས་མི་བརྗེ་པོ་བརྒྱབ་པའི་སྟོབས་ཀྱིས་སྲིད་དོན་ཚོགས་པ་དེས་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་མུ་མཐུད་དུ་འཛིན་ཐུབ་རྒྱུ་ཐེ་ཚོམ་རེད། ཟླ་བ་སྔོན་མར་ལ་དྭགས་པ་ཚོས་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གླེའི་འཐུས་མི་བཀྲ་ཤིས་རྒྱལ་མཚན། བསྟན་འཛིན་ལྷག་པ་གསུམ་གྱི་མཚན་ཐོ་དེ་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འདེམས་བསྐོ་ལྷན་ཚོགས་ལ་ཕུལ་ཏེ་ཐ་མའི་ཐག་གཅོད་བྱེད་དུ་བཅུག རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཐག་གཅོད་དེ་ཉིད་ཡང་དག་པོ་ཞིག་ཡིན་མིན་ནི་ཟླ་བ་རྗེས་མའི་ཚེས་༢༠་ཉིན་མང་ཚོགས་ཀྱིས་འོས་ཤོག་འཕེན་པའི་སྐབས་སུ་ཤེས་རྟོགས་ཐུབ།།

སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པ་
སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པ་

སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པས་ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦་པའི་ཐོབ་ཐང་སྤྲོད་རྒྱུ་དང་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་བསྒྲུབས་མེད་པར་ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་བཅས་ཕྱོགས་གཉིས་ཀྱི་མང་ཚོགས་ལ་བློ་ཕམ་ཆེན་པོ་བྱུང་། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཁག་གིས་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱས་ན་ཕན་ཐོགས་མེད། སྲིད་བློན་མོ་དྷིའི་གཞུང་གིས་ལ་དྭགས་པའི་མངོན་འདོད་སྒྲུབ་ཀྱི་མ་རེད་ཅེས་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་སོང་། ད་ལོའི་འོས་བསྡུའི་སྐབས་སུ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་ནམ། ཡང་ན་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གཉིས་ཀྱི་སུ་ཞིག་ཡིན་རུང་མང་ཚོགས་ཀྱི་རེ་འདོད་བསྐངས། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་རྩོད་ལེན་བྱ་རྒྱུའི་ཁས་ལེན་མ་བྱས་པར་འོས་ཤོག་ཐོབ་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་མེད་ན་ས་ཆ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མི་འདུག རྒྱ་གར་གྱི་འབྱོར་ལྡན་པ་ཚོས་ལ་དྭགས་སུ་བཟོ་གྲྭ་བཙུགས་ཏེ་འཛུགས་སྐྲུན་གྱི་ལས་གཞི་གཉེར། ལ་དྭགས་ཀྱི་སྐྱེ་ཁམས་ལ་གཏོར་བཤིག་ཕོག ས་གནས་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་བརླགས། ལ་དྭགས་པ་ཚོར་འཐུང་ཆུ་ཇེ་དཀོན་དུ་ཕྱིན་ཏེ་རིམ་གྱིས་མི་རྣམས་འཚོ་གནས་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། མངའ་སྡེའི་ཐོབ་ཐང་ཡོད་ན་ལ་དྭགས་པ་ཚོས་རང་གི་ས་ཆ་དང་ཁོར་ཡུག་སྲུང་སྐྱོབ། ལས་ཀའི་གོ་སྐབས་དང་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་། ཚོང་ལས་དང་དཔལ་འབྱོར་སོགས་ཀྱི་ཁེ་ཕན་རྣམས་འགན་སྲུང་བྱེད་ཐུབ། དེས་ན་ལ་དྭགས་ལ་ངེས་པར་དུ་མངའ་སྡེའི་ཐོབ་ཐང་དགོས་ཀྱི་འདུག རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མར་གླེ་དང་མཁར་དཀྱིལ་གཉིས་ལ་འཐུས་མི་རེའི་གདན་ཐོབ་སྤྲོད་དགོས་ཞེས་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG